སྟག་རི་གཉན་གཟིགས།
༡༽ ཕྱི་ལོ་༣༧༤ ལོར། བོད་ཀྱི་བཙན་པོ་ཁྲི་རབས་ཉེར་བདུན་པ་ཁྲི་ཐོག་རྗེ་བཙན་དང༌། ཡུམ་རུ་ཡོང་བཟའ་སྟོང་རྒྱལ་ན་མོ་ཚོ་གཉིས་ལ་སྲས་ཤིག་འཁྲུངས་ཤིང༌། སྲས་ཀྱི་མཚན་ལ་ལྷ་ཐོ་ཐོ་རི་གཉན་བཙན་གསོལ།
༢༽ རྒྱལ་སྲས་སྐུ་ནར་སོན་པ་ན། ཕ་ཤུལ་བུ་འཛིན་གྱི་དཔེ་ལྟར་བཙན་པོའི་ཁྲིར་བཞུགས། བཙན་པོ་འདི་ནི་ཐུགས་སྒམ་ཞིང༌། འབངས་ལ་བྱམས་པ། ཤེས་རབ་ཅན་ལ་མཉེས་ཤིང་བཀུར་བ་ཞིག་ཡིན།
༣༽ བཙན་པོ་ལྷ་ཐོ་ཐོ་རི་དགུང་ལོ་དྲུག་ཅུའི་སྐབས་ཀྱི་ཉིན་ཞིག ནམ་མཁའ་གཡའ་དྭངས་ཤིང་དཔྱིད་རླུང་དལ་གྱིས་ལྡང་བས། བཙན་པོ་ཕོ་བྲང་ཡུམ་བུ་བླ་མཁར་གྱི་ཡང་ཐོག་ཏུ་ཕེབས་ཏེ། ཡར་ཀླུང་གི་ཡུལ་ལྗོངས་ལ་གཟིགས་མོ་གནང༌།
༤༽ སྐབས་དེར་བལ་ཡུལ་ནས་ཕེབས་པའི་པཎ་ཌི་ཏ་བློ་སེམས་མཚོ་དང༌། ལོ་ཙཱ་བ་ལི་ཐེ་སེ་གཉིས་བོད་ཡུལ་དུ་ནང་པའི་ཆོས་སྤེལ་བར་བརྩམས་ཀྱང༌། སྐབས་དེར་བོད་དུ་ཡི་གེ་མེད་པ་དང༌། བོན་ཆོས་ཤུགས་ཆེ་བས་ཁོང་གཉིས་ཀྱི་བཞེད་དོན་ཇི་བཞིན་མ་འགྲུབ་བོ། །